བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་མི་ནི་སོ་ཊའི་སློབ་ཕྲུག་རྣམས་ལ་གནང་བའི་བཀའ་སློབ་སྙིང་བསྡུས།
མི་ནི་སོ་ཌའི་བོད་རིགས་རྒྱུན་ལས་རྣམ་པ་དང་ཕ་མ་རྣམ་པ། དགེ་རྒན་རྣམ་པ། སློབ་ཕྲུག་རྣམ་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡ་ཡིན།
ད་ཐེངས་ཨ་རིའི་ནང་ཕྱོགས་བསྐྱོད་ཀྱི་སྐབས་དང་བསྟུན་ནས་འདིར་མི་ནི་སོ་ཊ་ལ་ཕེབས་ཐུབ་པར་གུས་མོ་ང་ཞེ་དྲག་དགའ་པོ་བྱུང་།
སྤྱིར་བཏང་ཡིན་པ་ཡིན་ན། ཤེས་ཡོན་དང་སློབ་གསོ་ཟེར་བ་དེར་བཤད་ནས་ཚར་འགྲོ་རྒྱུ་དང་སྒྲུབ་ནས་འགྲུབ་འགྲོ་བ་ཞིག་ཕལ་ཆེར་ཡོད་པ་མ་རེད། དེ་མི་རབས་ནས་མི་རབས་བརྒྱུད་ནས་མུ་མཐུད་དུ་བསྒྲུབ་ཅིང་ཡར་རྒྱས་སུ་གཏོང་དགོས་པ་ཞིག་རེད།
དེ་བཞིན་དུ་ང་ཚོ་ཚང་མ་ལ་མེད་དུ་མི་རུང་བའི་བཟང་སྤྱོད་དང་གཞན་ཕན་ཡང་དེ་འདྲ་བོ་རེད།
༡ ཁྱེད་སློབ་ཕྲུག་རྣམ་པས་དེ་རིང་ཞོགས་པར་ཞོགས་འདོན་སྐྱོར་བ་དཔེ་ཡག་པོ་བྱུང་སོང་། ཁྱད་པར་དུ་ཁྱེད་རང་ཚོས་གང་བློ་མ་བཏོན་གནང་སོང་། དེ་དཔེ་ཡག་པོ་རེད། ད་ཡིན་ནའང་། ཁྱེད་རང་ཚོས་ཁ་ནས་སྐྱོར་ཐུབ་ཡ་གཅིག་པོས་ཆོག་ཡོད་པ་མ་རེད། ཁྱེད་རང་ཚོས་ད་ལྟ་རང་སྐྱོར་བའི་ཤེས་རབ་གང་བློ་མ་སོགས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དོན་ཕྲན་བུ་ཤེས་ཡ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེ་ག་རེ་རེད་ཅེ་ན། ཁྱེད་རང་ཚོས་ཁ་ནས་སྐྱོར་བ་ཙམ་མིན་པར་ཆོས་དང་རིག་གཞུང་གི་ནང་དོན་ཅུང་ཤེས་སོང་བ་ཡིན་ན་སོ་སོའི་ཀླད་པའི་ནང་མི་བརྗེད་པ་བྱས་ནས་རྒྱུན་རིང་པོར་སྡོད་ཐུབ་ཀྱི་ཡོད་པ་རེད། ཁྱེད་རང་ཚོས་ག་དུས་བེད་སྤྱོད་བྱེད་བསམ་ན་དེ་དུས་རང་བཞིན་ངང་གིས་ཤེས་བསྡད་ཡོད་པ་རེད། དེ་འདྲ་སོང་ཙང་། ཁྱེད་རང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་ཆ་ཤས་གང་ཞིག་སྦྱང་བ་ཡིན་ན་དེའི་ནང་ག་རེ་ག་རེ་གསུང་ཡོད་པ་ཤེས་རྒྱུ་དཔེ་གལ་ཆེན་པོ་རེད། དེ་མ་བརྗེད་པ་གནང་རོགས་ཞུ་ཡ་ཡིན།
༢ དེ་ནས་ད་དགེ་རྒན་རྣམ་པ་ལའང་ཞོགས་འདོན་དང་ཤེས་རབ་རྐང་ལོ་མ་གཙོས་པའི་སོ་སོའི་སློབ་ཁྲིད་སྐབས་ཀྱི་འཁྲིད་བྱ་ཐམས་ཅད་སློབ་ཕྲུག་ཚོའི་སེམས་ལ་ལས་སླ་བོར་ངེས་ཐུབ་པའི་འགྲེལ་བཤད་རྒྱག་པའི་འགན་འཁུར་ཆེན་པོ་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་རྟོགས་ཡ་དེ་གལ་ཆེན་པོ་རེད་ཅེས་རྟག་པར་གསུང་བསྡད་ཡོད་པ་དེ་འདྲ་རེད། དེ་སོང་ཙང་དགེ་རྒན་རྣམ་པས་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པ་གནང་ནས་ཞོགས་འདོན་དང་བསླབ་ཚན། སྒྲུང་སོགས་གང་འཁྲིད་ཡ་ལ་སློབ་ཕྲུག་རྣམ་པར་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཐུབ་པར་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་སོང་། དགེ་རྒན་རྣམ་པ་དངོས་གནས་དྲང་གནས་བཀའ་དྲིན་ཆེན་པོ་རེད།
༣ ང་ཚོ་བཙན་བྱོལ་བོད་པ་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འཐོར་བསྡད་ཡོད་ཙང་ཁོར་ཡུག་གི་དབང་གིས་དབྱིན་ཡིག་དང་དབྱིན་སྐད་མི་བཀོལ་ཀ་མེད་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ཕ་མ་རྣམ་པས་སོ་སོའི་ཕྲུ་གུ་ལ་དུས་རྒྱུན་དུ་བོད་སྐད་བཤད་ཡ་དང་བོད་ཡིག་སྦྱོང་དུ་འཇུག་རྒྱུ་ནི་དཔེ་མི་སྲིད་པའི་དོན་གལ་ཆེན་པོ་རེད། དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཕྲུ་གུ་རྣམ་པ་དང་མཉམ་དུ་སྡོད་མཁན་དང་འགྲོ་མཁན་ནི་སོ་སོའི་ཕ་མ་དང་ནང་མི་རང་རེད། དེ་བས་འདིར་བཞུགས་པའི་ཕ་མ་རྣམ་པས་ཉིན་རྟག་པར་རང་གི་ཕྲུ་གུ་ལ་བོད་སྐད་བཤད་རོགས་ཞུ་ཡ་ཡིན།
སོ་སོའི་ཕྲུ་གུ་ལ་བོད་སྐད་བཤད་པ་དང་བོད་ཡིག་སྦྱོང་བའི་གོམས་གཤིས་ཡག་པོ་ཞིག་ཆགས་ཡ་ལ་ཕ་མ་དང་ནང་མིས་བཞག་པའི་བག་ཆགས་ལས་ལྷག་ཅིག་ཡོད་པ་མ་རེད་དྲན་གྱི་ཡོད། དེ་ཁྱེད་ཕ་མ་རྣམ་པའི་སེམས་ལ་འཛིན་རོགས་ཞུ་བ་ཡིན།
དེ་ཙམ་མ་གཏོགས་ཞུ་ཡ་གཞན་མེད། ཐུགས་རྗེ་ཆེ།
༢༠༡༨ ༡༡ ༢༡ ཨ་དོན་ཉིས་ཡི་གེར་ཕབ།