བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ནི་མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་ཤེས་ཡོན་གྱི་ལས་གཞི་ཡིན་པ་དང་། དེ་ཚོགས་མི་རྣམས་ཀྱིས་ཕྱི་ལོ་༡༩༩༧ ལོར་གསར་འཛུགས་བྱས། དམིགས་ཡུལ་གཙོ་བོ་ཁག་ནི་ས་གནས་ཀྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། ཆོས། སྲོལ་རྒྱུན་རིག་གཞུང་སོགས་སློབ་ཁྲིད་གནང་རྒྱུའི་ཐོག ཁོང་རྣམས་ལ་བྱམས་བརྩེ་དང་གུས་བརྩི། རྒྱལ་ཞེན་སོགས་སེམས་ལ་འཇག་པ་བཟོ་རྒྱུ་ཡིན། སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཤིག་གིས་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བྱས་ཏེ། སློབ་གྲྭ་དང་ཤེས་ཡོན་གྱི་ལས་དོན་གཞན་རྣམས་ཚག་ཚུད་ཡོང་བའི་སྤྱི་ཡོངས་ལས་འགན་ཁུར་གྱི་ཡོད། ཚོགས་པའི་ལས་བྱེད་ཅིག་གིས་ལས་གཞིའི་འབྲེལ་མཐུད་པ་བྱས་ཏེ། ལྷག་བསམ་དང་ཆོད་སེམས་ལྡན་པའི་སློབ་གྲའི་ལས་བྱེད་ཚོའི་རོགས་རམ་ལ་བརྟེན་ནས་སློབ་གྲྭ་སྟངས་འཛིན་བྱེད་ཀྱི་ཡོད།།

 

དམིགས་ཡུལ།

  • ལོ་རིམ་དང་མཐུན་པའི་བོད་ཡིག་འབྲི་ཀློག་དང་གོ་རྟོགས་ཐུབ་པ།
  • བོད་སྐད་གཙང་མ་རྒྱག་ཐུབ་པ།
  • ཀློག་དེབ་ནང་ཡོད་པའི་བོད་ཀྱི་ལོ་རྒྱུས་དང་ཆོས། རིག་གཞུང་སོགས་ཀྱི་ཐོག་ལ་གོ་རྟོགས་སླེབས་ཐུབ་པ།
  • བོད་ཀྱི་གཞས་སྣ་འཁྲབ་སྟོན་བྱེད་ནུས་པ།
  • བྱམས་བརྩེ་དང་གུས་བརྩི་སོགས་བོད་ཀྱི་ཐུན་མིན་གཤིས་ཀ་འཕེལ་རྒྱས་དང་ཉམས་ལེན་བྱེད་ཐུབ་པ།

 

སློབ་དུས།

 

  • ལོ་གཅིག་གི་སློབ་དུས་ལ་ཟླ་བ་༡༡ ཡོད་པ་དང་། དེ་ཡང་ཟླ་༩ པའི་རེས་གཟའ་སྤེན་པ་དང་པོ་ནས་ལོ་རྗེས་མའི་ཟླ་བདུན་པའི་རེས་གཟའ་སྤེན་པ་མཐའ་མ་བར་ཡིན།
  • ཟླ་བ་༨ པ་དེ་ནང་མི་བུ་ཕྲུག་རྣམས་སྤྲོ་འཆམ་དང་གླིང་ཁའི་ཆེད་དུ་གུང་གསེང་རེད།
  • སློབ་གྲྭ་རེས་གཟའ་སྤེན་པ་འཆར་ཅན་ལ་སྔ་དྲོའི་ཆུ་ཚོད་༩ ནས་ཉིན་གུང་ཆུ་ཚོད་༡ པོ་བར་ཆུ་ཚོད་བཞི་རིང་འཚོགས་ཀྱི་ཡོད།
  • སློབ་དུས་གཅིག་ལ་སློབ་ཐུན་གཉིས་ཡོད་པ་དང་། སློབ་ཐུན་དང་པོ་དེ་ཟླ་༩ པའི་རེས་གཟའ་སྤེན་པ་དང་པོ་ནས་ལོ་རྗེས་མའི་ཟླ་༢ པའི་རེས་གཟའ་སྤེན་པ་མཐའ་མ་བར་དང་། སློབ་ཐུན་གཉིས་པ་དེ་ཟླ་༣ པའི་རེས་གཟའ་སྤེན་པ་དང་པོ་ནས་ཟླ་༧ པའི་རེས་གཟའ་སྤེན་མ་མཐའ་མ་བར་ཡིན།

 

སློབ་འཇུག་གི་ཆ་རྐྱེན།

ཕྱི་ལོ་༢༠༡༤ ནས་༡༥ བར་གྱི་སློབ་དུས་ལ་སློབ་ཕྲུག་༡༣༠ སློབ་འཇུག་བྱས་ཡོད་པ་དང་། རང་གི་བུ་ཕྲུག་སློབ་འཇུག་བྱེད་འདོད་ཡོད་མཁན་ཕ་མ་ཚོས་ཤེས་དགོས་པའི་ཆ་རྐྱེན་ཁག་ནི།

  • ཟླ་༨ པའི་ཚེས་༣༡ ལ་ཕྲུ་གུ་དེ་ལོ་༥ ལོན་པའམ་དེ་ལས་ཆེ་བ་དགོས།
  • ཕྲུ་གུའི་ཕ་མ་གཉིས་མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་དགོས།
  • ཕྲུ་གུ་ཕ་མ་གཉིས་ལ་དང་བླངས་དཔྲ་དངུལ་ལག་དེབ་ཡོད་དགོས།
  • སྤྱི་མཐུན་ཚོགས་པའི་ཚོགས་མི་མ་ཡིན་པའི་ཕ་མ་རྣམས་ཀྱིས། ཕྲུ་གུ་རེའི་སློབ་ཡོན་ཟླ་རེར་ཨ་སྒོར་༢༥ རེ་མ་ཡིན་པར་༥༠ རེ་སྤྲོད་དགོས།

 

སློབ་འཇུག་གི་དུས་ཚོད།

  • ཟླ་༨ པའི་ཚེས་༡ ནས་༡༥ བར་ཕྲུ་གུ་རེར་སློབ་འཇུག་གི་ཡོན་ཨ་སྒོར་༡༠ རེའི་ཐོག སློབ་འཇུག་སྙན་ཞུ་ལེན་གྱི་ཡོད།
  • ཟླ་༨ པའི་ཚེས་༡༥ ནས་༡༦ བར་སློབ་འཇུག་སྙན་ཐོ་ལེན་གྱི་ཡོད་ཀྱང་། ཕྱི་འབྱོར་སློབ་འཇུག་ཡོན་ཕྲུ་གུ་རེར་ཨ་སྒོར་༢༥ རེ་ལེན་གྱི་ཡོད།
  • ཟླ་༨ པའི་ཚེས་༣༡ ཀྱི་དུས་བཀག་ཚེས་གྲངས་རྗེས་སུ། སློབ་དུས་དེའི་རིང་སློབ་འཇུག་སྙན་ཞུ་ལེན་གྱི་མེད།
  • མི་ནི་སོ་ཊར་ཉེ་འཆར་གནས་སྤ་བྱས་པའི་ནང་མི་ཚོས། ཕྲུ་གུ་རེེར་སློབ་འཇུག་ཡོན་ཨ་སྒོར་༡༠ རེ་སྤྲད་ནས་སློབ་དུས་ཀྱི་དུས་སྐབས་ག་དུས་ཡིན་ནའང་སློབ་འཇུག་བྱེད་ཆོག

 

སློབ་གྲྭའི་གཏན་འབེབས་སློབ་ཚན།

  • བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཡུལ་དུས་དང་བསྟུན་ནས་བཟོས་པའི་ལོ་རིམ་རེར་གཏན་འབེབས་བྱས་པའི་སློབ་གཞི།
  • ཟུར་དུ་བོད་ཁྱིམ་སློབ་གྲྭ་སོགས་ཁུངས་གཞན་ནས་བཏོན་པའི་ཀློག་དེབ།

 

ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན། དགེ་ལེགས་རྣམ་རྒྱལ་། ཁ་པར་ཨང་གྲངས། ༦༡༢༢༠༥༡༧༣༩ །

 

བོད་ཀྱི་གཞུང་འབྲེལ་དུས་ཆེན་ཁག་གི་གླུ་གཞས།