༄༄། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༡ ཉིན། བྱང་ཨ་རིག་ས་གནས་མི་ནིའི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཆོས་ཕྱོགས་སྡེ་ཚན་གྱིས་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་རྣམས་པ། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ཁག་ཅིག་དང་ལས་ཐོག་ཚོགས་གཙོ་དབུས་པའི་རྒྱུན་ལས་རྣམས་ལྷན་འཛོམས་ཐོག་ཚོགས་འདུ་ཞིག་འགོ་འཛུགས་ཞུས་ཡོད་ཅིང་། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་པས་བཀའ་སློབ་ལམ་སྟོན་གཞིར་བཟུང་ཆོས་བརྒྱུད་ཕན་ཚུན་མཐུན་འབྲེལ་དང་མ་འོངས་བོད་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་ཐད་ལ་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་དང་། མ་འོངས་པ་ལས་གཞི་སྤེལ་ཕྱོགས་སྐོར་གྱི་ཐོག་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན། གཞན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚར་ལོངས་བྱེད་བཞིན་པའི་བོད་པའི་ན་གཞོན་ཚོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་གང་ཐུབ་ཀྱི་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་ཐེངས་དང་པོའི་ཚོགས་འདུ་སྐབས་ཀྱི་པར་རིས་གཅིག་སྤྱན་འབུལ་ཞུས་ཡོད་པས་དགྱེས་གཟིགས་ཡོང་བ་འཚལ།


