མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་ནི་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་མེད་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༩༢ ལོར་ཨ་རིའི་མི་ནི་སོ་ཊར་གནས་སྤོ་བྱེད་མཁན་བོད་མི་རྣམས་ལ་རོགས་སྐྱོར་བྱེད་ཆེད་དུ་ཚོགས་པ་དེ་གསར་འཛུགས་བྱས། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་༡༩༩༠ ལོའི་གནས་སྤོའི་ཁྲིམས་ཡིག་འོག རྒྱ་གར་དང་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་༡༠༠༠ ལ་ཨ་རིར་གནས་སྤོ་བྱེད་པའི་ཐོངས་མཆན་སྤྲད་ཡོད་པ་རེད། དེ་དང་བསྟུན་ནས་དང་བླངས་པ་དང་གནས་ཚང་གཡར་མཁན་གྱི་ཁྱིམ་ཚང་སོགས་ལས་གྲུབ་པའི་རུ་ཁག་གིས། ཕྱི་ལོ་༡༩༩༢ ནས་༡༩༩༣ བར་མི་ནི་སི་ཊའི་ཊེ་ཝན་གྲོང་ཁྱེར་ཉེ་འཁོར་དུ་བོད་མི་༡༦༠ གཞིས་སུ་ཆགས། དེའི་རྗེས་སུ་རིམ་བཞིན་ནང་མི་ཟླ་སྒྲིལ་དང་བསྟུན་ནས་བོད་མི་གནས་སྡོད་པའི་མི་འབོར་དེ་༣༠༠༠ ལ་འཕར་བ་རེད། ད་ལྟའི་ཆར་མི་ནི་སི་ཊའི་ནང་གི་བོད་མིའི་གྲངས་འབོད་ནི་ཨ་རིའི་ནང་མང་ཤོས་གཉིས་པ་ཆགས་ཡོད་པ་དང་། བོད་མི་མང་ཆེ་བ་མི་ནི་ཡ་པཱོ་ལིསེ་དང་སཱེན་ཌ་པཱོལ་གྱི་ས་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད། གནས་སྤོ་བའི་གནས་བབ་ཐོག་ནས་ཨ་རིར་གསར་དུ་འབྱོར་མཁན་བོད་མི་རྣམས་ལ་སྤྱི་མང་རོགས་དངུལ་ལེན་པའི་ཆ་རྐྱེན་མེད་ཁར། ཨ་རིར་གནས་སྤོ་བྱེད་མཁན་བོད་མི་རྣམས་དེ་གར་མ་སླེབས་སྔོན་ནས་རང་ཁ་རང་གསོ་བྱེད་ཐུབ་པའི་ནུས་པ་ར་སྤྲོད་བྱེད་དགོས། ཕྱི་ལོ་༡༩༩༢ ལོར་བོད་མི་རྣམས་ཐོག་མར་མི་ནི་སོ་ཊ་མངའ་སྡེར་འབྱོར་ནས་བཟུང་། བོད་མི་རྣམས་ཀྱི་དཀའ་སྡུག་ཚང་མར་གདོང་ལེན་བྱས་ཏེ་རག་ཁ་རང་གསོ་དང་ཤེས་ཡོན་ལ་གལ་ཆེན་བརྩིས་མཁན་འཕེལ་རྒྱས་དང་དམིགས་དཔེ་འོས་པའི་མང་ཚོགས་ཤིག་ཆགས་ཡོད་པ་རེད།།
དམིགས་ཡུལ།
མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པས་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད།།
ལས་གཞི།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ སྲོལ་རྒྱུན་རོལ་དབྱངས་དང་གཞས་སྣ་འཁྲབ་སྟོན་སློབ་ཁྲིད། རྩེད་རིགས་དང་ན་གཞོན་སྐྱེད་སྲིང་། ཆོས་ལུགས་བྱེད་སྒོ། སློབ་ཕྲུག་ལམ་སྟོན། སློབ་ཡོན། གདན་ཞུ་གཏམ་བཤད་པ། འཕྲོད་བསྟེན་སློབ་གསོ། རིན་མེད་དཔྱ་ཁྲལ་ལམ་སྟོན། མཛད་སྒོ་དང་ལས་རིམ།
མ་འོངས་ལས་གཞི།
མི་ནི་སི་ཊའི་ཊེ་ཝན་གྲོང་ཁྱེར་ཁུལ་དུ་བོད་མི་གནས་སྤོ་བྱེད་མཁན་དང་བོད་མིའི་མི་འབོར་མང་དུ་འགྲོ་བཞིན་པ་དང་བསྟུན། དེ་གའི་ཚོགས་པ་ནས་སྤྱི་ཁང་ས་ཁྱོན་ཆེ་བ་ཞིག་བསྐྲུན་ཐབས་བྱེད་བཞིན་ཡོད། སྔོན་རྩིས་འཆར་དངུལ་ཨ་སྒོར་ས་ཡ་༢.༣ འགྲོ་གྲོན་བཏང་ནས། ད་ལྟའི་སྤྱི་ཁང་གི་ཁང་རྩེག་དེ་བསྐྱར་བཟོ་བྱས་ཏེ་ཧྥི་ཊི་གྲུ་བཞི་མ་༦༠༠༠(རླངས་འཁོར་༡༢༠ བཀག་འཇོག་གི་ས་ཁྱོན་ཡོད་པ་) ཡི་རྒྱ་ཁྱོན་སྣོན་མ་བྱས་ཏེ་གཤམ་གྱི་ཆ་རྐྱེན་ལྡན་པ་ཞིག་བཟོ་འཆར་ཡོད།
༡) བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་གྲངས་༢༥༠ བར་ལ་སློབ་ཁང་གི་ས་ཁྱོན་གདང་ངེས་ཤིག
༢) སློབ་ཕྲུག་ཚོར་དེང་དུས་བརྙན་ཆས་དང་འཕྲུལ་ཆས་ཁང་།
༣)གཞོན་སྐྱེས་ཚོའི་ཆེད་དུ་སིལ་སྤོལ་རྩེད་ཐང་།
༤) མཛད་སྒོའི་སྐབས་མི་མང་༥༠༠ ཤོང་བའི་ས་ཁྱོན།
༥) མི་རབས་རྒན་པ་རྣམས་ལ་ཞབས་ཞུའི་ཆ་རྐྱེན།
ང་ཚོའི་དམིགས་ཡུལ་སྒྲུབ་ཆེད་རོགས་རམ་གནང་རོགས།
- ཚོགས་མི་བྱས་ཏེ་ལོ་རེར་ཨ་སྒོར་༣༦ གི་ཚོགས་དངུལ་སྤྲོད་རོགས།
- ཞལ་འདེབས་གནང་རོགས།
- དང་བླངས་གནང་རོགས།

